ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཀརྨ་པ་མཐའ་ཡས་རྡོ་རྗེས་གསང་ཡུམ་བཞེས་པ།


 (Photo karmapa.org/special-news )
(Photo karmapa.org/special-news )
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཀུན་གཟིགས་ཞྭ་དམར་རིན་པོ་ཆེས་ངོས་འཛིན་གནང་བའི་ཀརྨ་པ་མཐའ་ཡས་རྡོ་རྗེ་སྐྱ་སར་བབ་སྟེ། ཁོང་གིས་ལོ་མང་བཤིབས་པའི་ཆུང་གྲོགས་རིན་ཆེན་གཡང་འཛོམས་གསང་ཡུམ་ལ་བཞེས་ཡོད་ཅིང་། ཁ་སང་ཕྱི་ཟླ་༣་ཚེས་༢༩་ཉིན་ཀརྨ་པ་མཐའ་ཡས་རྡོ་རྗེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་དོན། ང་ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེའི་ཞབས་རྗེས་འབྲངས་ནས་གཏེར་སྟོན་ཞིག་གི་ངོ་བོའི་ཐོག་ཏུ་བསྟན་པ་སྤྱི་དང་། ལྷག་པར་དུ་ཀརྨ་བཀའ་བརྒྱུད་པའི་ཆོས་བརྒྱུད་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་པའི་ལས་འབྲེལ་ཡོད་པ་འདྲ། ངས་ད་དུང་ཡང་ཀརྨ་པའི་ཐུགས་འགན་བཞེས་ནས་འགྲོ་དོན་བསྐྱང་དགོས་པར་འགྱུར་བ་མེད། ཡིན་ནའང་ང་ལ་རབ་བྱུང་ཚོར་སྡོམ་པ་འབོག་དགོས་པའི་ལས་འགན་ཞིག་ཡོད་པ་ད་ནས་བཟུང་སྟེ་འཇམ་མགོན་ཀོང་སྤྲུལ་སྐུ་ཕྲེང་བཞི་པས་བཞེས་དགོས། ང་སྐྱ་སར་བབ་པ་རང་ཉིད་གཅིག་པུ་མིན་པར་ཀརྨ་བཀའ་བརྒྱུད་པའི་ཆོས་བརྒྱུད་ལའང་བཟང་ཕྱོགས་ཀྱི་ནུས་པ་ཞིག་འཐོན་ཐུབ་པའི་ཡིད་ཆེས་ཡོད། ངས་ཀརྨ་པའི་ཤེས་ཡོན་ལྟེ་གནས་གསར་པ་བརྒྱུད་ནས་སྔར་བཞིན་ཆོས་བརྒྱུད་འཛིན་སྐྱོང་དང་དགོན་པ་གྲྭ་ཚང་སོགས་ཀྱི་དགེ་འདུན་འདུ་དམངས་ལ་ལྟ་སྐྱོང་བྱ་དགོས་པ་རྣམས་རྒྱུན་འཁྱོངས་བྱ་འཆར་ཡོད་ཅེས་གསུངས་འདུག ཀརྨ་པ་མཐའ་ཡས་རྡོ་རྗེའི་གསང་ཡུམ་རིན་ཆེན་གཡང་འཛོམས་ནི་འབྲུག་པ་ཞིག་ཡིན་ཞིང་། ཁོང་གིས་འབྲུག་ཡུལ་དུ་གཞི་རིམ་སློབ་གཉེར་གནང་ནས་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་སློབ་གཉེར་མཐར་སོན། རྐམ་པ་སྐུ་ཕྲེང་༡༦་པ་དགོངས་པ་རྫོགས་པའི་རྗེས་སུ་སི་ཏུ་རིན་པོ་ཆེ་དང་རྒྱལ་ཚབ་རིན་པོ་སོགས་ཀྱིས་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་སྐུ་གོང་མའི་ཡང་སྲིད་ལ་འཛིན་ངོས་གནང་སྟེ། ཁོང་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཀྱང་རྒྱབ་སྐྱོར་དང་ངོས་འཛིན་གནང་མོད། འོན་ཀྱང་ཀུན་གཟིགས་ཞྭ་དམར་རིན་པོ་ཆེས་དེང་སྐབས་དགུང་གྲངས་༣༣་ལ་ཕེབས་པའི་མཐའ་ཡས་རྡོ་རྗེ་ཀརྨ་པ་སྐུ་ཕྲེང་༡༦་པའི་ཡང་སྲིད་ལ་ངོས་འཛིན་གནང་ཡོད་པ་རེད། འདི་ཙམ་ན་དེ་རིང་ཕྱི་ཟླ་༣་ཚེས་༣༠་ཉིན་ཀརྨ་པ་སྐུ་ཕྲེང་༡༧་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེས་གསུང་འཕྲིན་ཐུང་ཐུང་ཞིག་བསྩལ་ཏེ། ཁ་སང་ཀམ་ཚང་བཀའ་བརྒྱུད་པའི་ནང་ཁུལ་དུ་བྱུང་བའི་གནས་ཚུལ་དེའི་རྐྱེན་གྱིས་ཆོས་བརྒྱུད་ཕྱི་ནང་ཀུན་ཏུ་གླེང་གཞི་མང་པོ་འབྱུང་སྲིད། ལྷག་པར་དུ་ཕན་ཚུན་ཚིག་མཚོན་འདེབས་རེས་བྱེད་སྲིད་པའི་སེམས་ཁྲལ་ཅུང་ཟད་འདུག ཆོས་དང་བླ་མ་གཅིག ཞྭ་དང་ཁ་དོག་གཅིག་པའི་ཆོས་བརྒྱུད་ནང་ཁུལ་དུ་ཕན་ཚུལ་འབར་ཤ་བསྐུར་འདེབས་བྱ་རྒྱུ་སྤངས་དགོས། མིག་སྔའི་གནས་ཚུལ་ཁོ་ན་མིན་པར་ཕྱོགས་ཡོངས་ལ་བསམ་གཞིག་གཟབ་ནན་བྱས་ནས་གུ་ཡངས་དང་བཟོད་བསྲན། རང་ཚུགས་མ་ཤོར་པར་ཤ་ཚ་དང་བསམ་ཤེས། གཞན་སེམས་མ་དཀྲུག་པ་གནང་རོགས་ཞེས་རྗེས་འཇུག་སློབ་འབངས་ཡོངས་ལ་བཀའ་སློབ་གནང་འདུག ཀརྨ་པ་མཐའ་ཡས་རྡོ་རྗེ་བོད་དུ་འཁྲུངས་ཀྱང་དགུང་ན་ཆུང་དུས་རྒྱ་གར་ལ་གདན་འདྲེན་ཞུས་པ་མ་ཟད། ཁོང་གིས་ཀུན་གཟིགས་ཞྭ་དམར་རིན་པོ་དང་དེ་མིན་གྱི་བླ་ཆེན་གང་མང་ཞིག་བསྟེན་ནས་སློབ་གཉེར་གང་ལེགས་གནང་སྟེ། རྒྱ་གར་དང་ནུབ་ཕྱོགས་རྒྱལ་ཁབ་ཁག ཐེ་ཝན་དང་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་ཁག་གི་གདུལ་བྱ་རྣམས་རྗེས་སུ་བཟུང་ནས་འགྲོ་དོན་སྐྱོང་བཞིན་ཡོད། ཀརྨ་པ་མཐའ་ཡས་རྡོ་རྗེའི་གསར་འགོད་གསལ་བསྒྲགས་དེར་ལོ་འདིའི་ཕྱི་ཟླ་༡༢་པར་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འཚོག་གི་ཡོད། སྐབས་དེར་གསང་ཡུམ་རིན་ཆེན་གཡའ་འཛོམས་བཀའ་བརྒྱུད་སྨོན་ལམ་ཆེན་མོར་ཕེབས་འཆར་ཡོད་ཅེས་འཁོད་ཡོད་པ་རེད།།

XS
SM
MD
LG