ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྔ་བ་ཀིརྟི་དགོན་པར་གྱོད་དཔེ་ཀློག་དེབ་སློབ་དགོས་པའི་བཙན་བཀའ་བཏང་།


རྒྱ་ནག་གཞུང་གིས་མདོ་སྨད་རྔ་བ་ཀིརྟི་དགོན་དུ་རང་ལུས་མེར་སྲེག་གི་ཞི་བའི་ངོ་རྒོལ་དང་། ༧གོང་ས་མཆོག་གི་སྐུ་པར་འཕྱར་ནས་ཞི་བའི་སྐད་འབོད་བྱས་པ་ནི་ཁྲིམས་འགལ་ཡིན་ཚུལ་གྱི་དྲིལ་སྒྲོག་བྱེད་བཞིན་པའི་ཐད། ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་གདན་འདྲེན་ཞུས་ནས་བགྲོ་གླེང་ཞུས་ཡོད།

ཕྱི་ཟླ་བདུན་པའི་ཚེས་༢༨་ཉིན། མདོ་སྨད་རྔ་བ་ཁུལ་རྔ་བ་རྫོང་གི་དཔོན་རིགས་ཀྱིས་རྔ་བ་ཀིརྟི་དགོན་གྱི་གྲྭ་ཤག་རེ་རེ་ལ་དགོན་པའི་གྱོད་དཔེ་ཀློག་དེབ་ཅེས་པའི་བོད་རྒྱ་ཤན་སྦྱར་གྱི་དེབ་ཅིག་སྤྲད་ནས་དེ་སློབ་སྦྱོང་ནན་ཏན་བྱེད་དགོས་པའི་བཀའ་བཏང་ཡོད།

ཀ་ཉག་ཚེ་རིང་ལགས་ཀྱིས་བརྗོད་པ་ལྟར་ན། དེབ་དེ་ནི་རྔ་བ་རྫོང་གི་ཆོས་ལུགས་ལས་ཁུངས་དང་ཁྲིམས་ཁང་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་མཉམ་རུབ་སྒོས་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་པ་དང་། རྔ་བ་རྫོང་ཁོངས་སུ་ཡོད་པའི་དགོན་སྡེ་༤༢་ནང་བཀྲམས་ཡོད་པ་རེད།

གྱོད་དཔེ་ཀློག་དེབ་ཀྱི་གྱོད་དཔེ་དང་པོར་བོད་ཀྱི་རྒྱལ་དར་བསྒྲེངས་པ་དང་བསྒྲགས་ཡིག་འགྲེམ་སྤེལ་བྱས་པར་རྒྱལ་ཁབ་ཁ་བྲལ་གཏོང་བའི་ངན་སྐུལ་གྱི་ནག་ཉེས་ཕོག་རྒྱུ་དང་། གྱོད་དཔེ་གཉིས་པར་ཏཱ་ལའི་བླ་མའི་སྐུ་པར་འཕྱར་ཏེ་སྐད་འབོད་བྱས་པར་གོང་བཞིན་རྒྱལ་ཁབ་ཁ་བྲལ་གཏོང་བའི་ངན་སྐུལ་གྱི་ནག་ཉེས་ཕོག་རྒྱུ། གྱོད་དཔེ་གསུམ་པར་རང་ལུས་མེར་སྲེག་ངོ་རྒོལ་བྱས་ཚེ་སྤྱིའི་བདེ་འཇགས་ལ་གནོད་འཚེ་བཟོས་པའི་ནག་ཉེས་ཕོག་རྒྱུ། གྱོད་དཔེ་བཞི་བར་རང་ལུས་མེར་སྲེག་གི་སྐུལ་སློང་བྱ་མཁན་ལ་བསམ་བཞིན་དུ་མི་བསད་པའི་ནག་ཉེས་ཕོག་རྒྱུ། གྱོད་དཔེ་ལྔ་བར་སྐད་འཕྲིན་སོགས་ནས་ཕྱི་རྒྱལ་ལ་གནས་ཚུལ་བསྐུར་ན་ཕྱི་རྒྱལ་ལ་གསང་འཕྲིན་བཏང་བ་དང་རྒྱལ་ཁབ་ཁ་བྲལ་ངན་སྐུལ་བྱས་པའི་ནག་ཉེས་མཉམ་འཛུགས་བྱ་རྒྱུ་ཡིན་ཞེས་བཀོད་ཡོད།

ཀ་ཉག་ཚེ་རིང་ལགས་ཀྱིས་བརྗོད་པ་ལྟར་ན། ས་གནས་མང་ཚོགས་ཀྱིས་ཀློག་དེབ་དེ་ནི་གཞི་མེད་སྐྱོན་འཛུགས་སྒོས་མི་མང་པོ་ཞིག་ལ་ཁྲིམས་ཐག་བཅད་པ་དེ་ཁྲིམས་མཐུན་དང་ལུགས་མཐུན་ཞིག་ཏུ་བསྒྱུར་བའི་ཆེད་དུ་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་ཟེར།

གྱོད་དཔེ་ཀློག་དེབ་ཀྱི་ལས་འགུལ་འདི་ནི་རྔ་བ་རྫོང་གི་བཅའ་ཁྲིམས་དགོན་པར་བཅར་བ་ཞེས་པའི་ལས་དོན་གྱི་ཆ་ཤས་ཤིག་ཡིན་པ་རེད།།

XS
SM
MD
LG