ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཧི་ལ་རི་ཁེ་ལིན་ཊོན་གྱིས་སྲིད་འཛིན་འོས་མིར་དང་ལེན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཕྱི་ཟླ་༧་ཚེས་༢༨་ཀྱི་དགོང་མོར་ཨ་མི་རི་ཀའི་ཧྥི་ལ་ཌལ་ཧྥི་ཡ་གྲོང་ཁྱེར་དུ་ཚོགས་པའི་དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་མཇུག་བསྒྲིལ་ཡོད་པ་དང་། ཚོགས་ཆེན་མཇུག་བསྡུའི་སྐབས་སུ་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧི་ལ་རི་ཁེ་ལིན་ཊོན་ཚོགས་ཁང་ལ་ཕེབས་ཏེ། ཁོང་གིས་རང་ཉིད་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འདེམས་ཐོན་བྱུང་བར་དང་ལེན་གྱི་གཏམ་བཤད་བྱས་ཡོད་ཅིང་། ཧི་ལ་རི་ཁེ་ལིན་ཊོན་གྱི་བུ་མོ་ཆལ་སི་ཁེ་ལིན་ཊོན་གྱིས་དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་ལ་ཕེབས་པའི་སྐུ་ཚབ་རྣམས་དང་ཨ་མི་རི་ཀ་བ་རྣམས། འཛམ་གླིང་མི་དམངས་བཅས་ལ་ཧི་ལ་རི་ཁེ་ལིན་ཊོན་མི་སྤྱི་མཚུངས་ལྟར་ཨ་མ་ཞིག་དང་བུད་མེད་ཅིག་ཡིན། ཧི་ལ་རི་ཁེ་ལིན་ཊོན་མི་མང་ཉམ་ཐག་དང་དབུལ་ཕོངས་ཀྱི་བདེ་སྡུག་ལ་ཆ་རྒྱུས་ཡོད་པའི་མི་ཞིག་ཡིན་པ་དང་། ཁོང་གིས་ཁས་ལེན་དམ་བཅའ་བྱས་པ་རྣམས་མཐའ་ལ་བཀར་ནས་མཇུག་སྐྱོང་གི་རེད་ཅེས་མི་དམངས་ལ་མཚམས་སྦྱོར་བྱས་སོང་།

ངས་ནམ་ཡང་དམ་བཅའ་མི་ལྷོད་པ་དང་། ང་ཚོ་མཉམ་འབྲེལ་བྱས་ནས་ནུས་པ་གཅིག་ཏུ་སྤུང་ཚེ། ང་ཚོ་སྔར་ལས་ལྷག་པའི་ཡར་རྒྱས་འགྲོ་ཐུབ་པའི་ཡིད་ཆེས་བྱེད་མཁན་ཞིག་ལ་འོས་ཤོག་འཕེན་རྒྱུ་ཡིན།།

ཧི་ལ་རི་ཁེ་ལིན་ཊོན་གྱིས་ཨ་མི་རི་ཀ་བ་རྣམས་ཌོ་ནལ་ཊམ་གྱིས་འཇིགས་སྣང་སློང་གི་ཡོད་པ་དེར་མགོ་འཐོམས་མི་ཉན། ང་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ན་ངས་ཨ་མི་རི་ཀ་བ་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་དང་། ད་ལོའི་སྲིད་འཛིན་འོས་འདེམས་འདིར་འགྲན་རྩོད་ཆེན་པོ་འབྱུང་རྒྱུ་ཡིན་པ་རུང་། ང་དང་སྲིད་འཛིན་གཞོན་པའི་འོས་མི་ཊིམ་ཁེན་གཉིས་འོས་འདེམས་ཀྱི་འགྲན་རྩོད་ལ་གྲ་སྒྲིག་ཡོད། ང་ལ་ཨ་མི་རི་ཀའི་སྲིད་འཛིན་གྱི་ལས་འགན་ཁུར་ཐུབ་པའི་ཉམས་མྱོང་དང་འཇོན་ཐང་། ཨ་མི་རི་ཀའི་མི་དམངས་ལ་སྲི་ཞུ་བསྒྲུབ་རྒྱུའི་འདུན་པ་ཡོད་ཅེས་ཧི་ལ་རི་ཁེ་ལིན་ཊོན་གྱིས་རང་གི་མི་ཚེའི་ནང་གི་གཏམ་བཤད་གལ་འགངས་ཆེ་ཤོས་དེ་ཡོད་པ་རེད།

གྲོགས་པོ་རྣམ་པ། ངས་དགའ་མགུ་དང་སེམས་ཐག་རྦད་བཅད། ཨ་མི་རི་ཀའི་མདུན་ལམ་ལ་གདེང་ཚོད་ཚད་མེད་ཀྱི་སྒོ་ནས་ང་ཨ་མི་རི་ཀའི་སྲིད་འཛིན་གྱི་འོས་མིར་འདེམས་བསྐོ་བྱས་པར་དང་ལེན་ཞུ་རྒྱུ་ཡིན།།

ཧི་ལ་རི་ཁེ་ལིན་ཊོན་ཨ་མི་རི་ཀའི་སྲིད་དོན་ཚོགས་པ་ཆེ་ཁག་ཅིག་གི་སྲིད་འཛིན་འོས་མིར་འདེམས་བསྐོ་བྱས་པའི་བུད་མེད་དང་པོ་དང་། ཨ་མི་རི་ཀའི་ལོ་རྒྱུས་སུ་བུད་མེད་ཅིག་སྲིད་འཛིན་འོས་མིར་བདམས་པ་ཆེས་ཐོག་མ་དེར་གྱུར་ཡོད་པ་མ་ཟད། དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་ཚོགས་ཡུལ་ཧྥི་ལ་ཌལ་ཧྥི་ཡ་གྲོང་ཁྱེར་དེ་ཉིད་ཨ་མི་རི་ཀའི་ལོ་རྒྱུས་ལ་འབྲེལ་བ་དམ་ཟབ་ཡོད་བ་དང་།

དཔེར་ན་༡༧༧༦་ལོར་ཨ་མི་རི་ཀའི་རྒྱལ་ཁབ་གསར་འཛུགས་བྱེད་མཁན་མེས་པོ་རྣམས་ཧྥི་ལ་ཌལ་ཧྥི་ཡ་གྲོང་ཁྱེར་དུ་འཛོམས་ཏེ། ཁོང་ཚོས་ཨ་མི་རི་ཀའི་རང་བཙན་སྤྱི་བསྒྲགས་ལ་མིང་རྟགས་བཀོད་པ་དང་ཧྥི་ལ་ཌལ་ཧྥི་ཡ་ཨ་རིའི་རྒྱལ་ས་དང་པོར་གྱུར་ཡོད། དེར་བརྟེན་༢༠༡༦་ལོའི་ཨ་མི་རི་ཀའི་དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་དང་སྲིད་དོན་ཚོགས་པ་དེའི་སྲིད་འཛིན་འོས་མི། ཨ་མི་རི་ཀའི་ལོ་རྒྱུས་བཅས་ལ་འབྲེལ་བ་དམ་ཟབ་ཡོད་པའི་རྣམ་པ་མཚོན་ཡོད། ཧི་ལ་རི་ཁེ་ལིན་ཊོན་གྱིས་ཨ་མི་རི་ཀའི་མི་མང་ལས་ཤོར་པའི་དཀའ་ངལ་དང་དཔལ་འབྱོར། ཨ་མི་རི་ཀའི་སློབ་ཕྲུག་ཚོར་སློབ་ཡོན་གྱི་བུ་ལོན་ཆེན་པོ་ཡོད་པའི་དཀའ་ངལ་རྣམས་སེལ་ཐབས་བྱ་རྒྱུ་ཡིན་ཞེས་དམ་བཅའ་བཞག་སོང་།

ངའི་ཟླ་གྲོགས་ཨ་མི་རི་ཀ་བ་རྣམ་པ། ང་ཚོ་རྡོག་རྩ་གཅིག་ཏུ་བསྒྲིལ་ན་སྟོབས་ཤུགས་ཡོད། ང་ཚོས་རང་གི་འབྱུང་འགྱུར་ལ་སྙིང་སྟོབས་དང་གདེང་སྤོབས་ལྡན་པའི་སྒོ་ནས་གདོང་ལེན་བྱ་དགོས། ང་ཚོས་རང་གི་གཅེས་ཕྲུག་རྣམས་དང་བརྩེ་བའི་རྒྱལ་ཁབ་འདིའི་ཆེད་དུ་མདུན་ལམ་བཟང་པོ་ཞིག་བསྐྲུན་དགོས། ང་ཚོ་མཉམ་འབྲེལ་བྱས་ན་ཨ་མི་རི་ཀ་སྔར་ལས་ལྷག་པའི་སྟོབས་ཤུགས་རྒྱས་ཐུབ། བཀའ་དྲིན་ཆེ། རྣམ་པ་ཚོ་དཀོན་མཆོག་གིས་སྲུང་གྱུར་ཅིག ཨ་མི་རི་ཀ་དཀོན་མཆོག་གིས་སྲུང་གྱུར་ཅིག

སྤྱིར་ཨ་མི་རི་ཀའི་སྲིད་དོན་ཚོགས་པ་ཁག་གི་རྒྱས་འཛོམས་ཚོགས་ཀྱི་དགོས་པ་དང་དམིགས་ཡུལ། དུས་ཡུན་བཅས་ལ་ཁྱད་པར་ཆེན་པོ་མེད་མོད། འོན་ཀྱང་༢༠༡༦་གི་ཨ་མི་རི་ཀའི་སྲིད་དོན་ཚོགས་པ་གཉིས་ཀྱི་རྒྱས་འཛོམས་ཚོགས་ཆེན་དེའི་གཏམ་བཤད་ཁག་གི་བརྗོད་བྱ་དང་ཚོགས་མི་ཚོའི་རྣམ་འགྱུར། སྲིད་དོན་ཚོགས་པའི་ནང་ཁུལ་དུ་འགལ་ཟླ་ཡོད་པ་སེལ་ཐུབ་ཡོད་མེད་བཅས་ལ་ཁྱད་པར་ཆེན་པོ་མངོན་ཡོད། སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་ཐོག་ཏུ་གྲོས་ཚོགས་གོང་མའི་འཐུས་མི་ཊེ་ཊི་ཁུ་རུ་ཟི་དང་ཁོང་གི་རྒྱབ་སྐྱོར་པ་ཚོས་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་བྱས་པའམ། ཡང་ན་སྤྱི་མཐུན་ཚོགས་པའི་ནང་ཁུལ་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོད་པའི་རྣམ་འགྱུར་བསྟན་མེད་པ་དང་། ད་དུང་སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་ཐོག་ཏུ་ཨ་མི་རི་ཀ་མངའ་སྡེ་གཅིག་སྒྲིལ་རྒྱལ་ཁབ་ལ་མི་རིགས་སྣ་འདུ་དང་ཆོས་ལུགས་འདྲ་མིན། རིག་གཞུང་སྣ་ཚོགས་ཤིག་ཡོད་པ་རྣམས་རིན་ཐང་ཆེན་པོ་ཞིག་ལ་དེ་ཙམ་བརྩིས་མེད་རུང་། དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་ཐོག་ཏུ་མི་རིགས་དང་ཆོས་ལུགས་མཐུན་སྒྲིལ། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་བརྩི་འཇོག་བྱ་རྒྱུ་དང་གྲོས་ཚོགས་གོང་མའི་འཐུས་མི་བྷར་ཎི་སན་ཌར་གྱིས་རང་གི་རྒྱབ་སྐྱོར་པ་ཚོར་ཧི་ལི་རི་ཁེ་ལིན་ཊོན་ལ་འོས་ཤོག་འཕེན་དགོས་ཞེས་ནན་བརྗོད་བྱས་པ། བྷར་ཎི་སན་ཌར་གྱི་རྒྱབ་སྐྱོར་པ་ཚོས་ཀྱང་ཧི་ལ་རི་ཁེ་ལིན་ཊོན་ལ་འོས་ཤོག་འཕེན་སྲིད་པས། ད་ཐེངས་ཀྱི་རྒྱས་འཛོམས་ཚོགས་ཆེན་རྗེས་སུ་དམངས་གཙོ་ཚོགས་པའི་ནང་ཁུལ་དུ་འགལ་ཟླ་ཡོད་པ་རྣམས་སེལ་ཐུབ་ཡོད་པའི་རྣམ་པ་ཞིག་ཐོན་ཡོད་པ་རེད།།

XS
SM
MD
LG